Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །དང་པོར་དྲི་མེད་ཐོས་བསམ་རྒྱ་ཆེན་མཛད།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
རྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །དང་པོར་དྲི་མེད་ཐོས་བསམ་རྒྱ་ཆེན་མཛད།
[Clear Hits]

 
previousརྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ། next

རྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ།

༄༅། །རྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ། ཕ་མཚུངས་མེད་བླ་མའི་ཞབས་ལ་འདུད། །ཆོས་དབུ་མ་ཕྱག་རྒྱ་རྫོགས་ཆེན་སོགས། །ལམ་ཟབ་མོའི་ལྟ་བ་མང་ལགས་ཀྱང་། །དོན་བློ་བྲལ་གྱི་ཡེ་ཤེས་མ་རྟོགས་ན། །ཡིད་དཔྱོད་ཀྱི་འཛིན་པས་རང་གཞན་འཆིང་། །ད་གཏན་མེད་དུ་ཉོལ་དང་རྟོགས་ལྡན་པ། །བདེ་བ་དང་གསལ་དང་མི་རྟོག་སོགས། །ཉམས་སྣ་ཚོགས་ཀྱི་འཆར་སྒོ་མང་ལགས་ཀྱང་། །རང་རིག་པའི་རང་རྩལ་མ་རྟོགས་ན། །ཡིན་སྙམ་གྱི་སྒོམ་གྱིས་བསླུ་ཉེན་གདའ། །ད་རང་བབ་ཏུ་ཞོག་དང་རྟོགས་ལྡན་པ། །མཚམས་སྒྲུབ་དང་བཟླས་བརྗོད་དཀའ་ཐུབ་སོགས། །ཆོས་སྤྱོད་ཀྱི་རྣམ་གྲངས་མང་ལགས་ཀྱང་། །རང་གྲོལ་གྱི་གནད་དང་མི་ལྡན་ན། །རྐྱེན་ཐོག་ཏུ་བབ་ཚེ་རང་མཚང་ངོམ། །གདེང་གྲོལ་ཐོག་ཏུ་ཆོས་དང་རྟོགས་ལྡན་པ། །ཞལ་གཟིགས་དང་ལུང་བསྟན་གྲུབ་རྟགས་སོགས། །ཉམས་རྩལ་གྱི་རྣམ་པ་མང་ལགས་ཀྱང་། །དོན་རིག་པའི་བཙན་ས་མ་ཟིན་ན། །བཟང་རྟོག་གི་སྒྲོག་གིས་འཆིང་ཉེན་གདའ། །ཀ་དག་གི་གཏན་སྲིད་འཛིན་རེ་རན། །ཚུལ་དེ་སྐད་ལྟ་སྒོམ་སྤྱོད་པའི་གླུ། །ཕ་མཚུངས་མེད་བླ་མའི་བཀའ་དྲིན་གྱིས། །བུ་ང་ཡི་བློ་ལ་གོ་མྱོང་སྐྱེས། །ཁྱེད་དད་དམ་དག་པའི་རྟོགས་ལྡན་ལ། །ཚིག་སྦ་གསང་མེད་པར་ཕུལ་བ་ལགས། །ཐུགས་མཉེས་པར་མཛོད་ཅིག་རི་ཁྲོད་པ། །དགེ་དེས་ཀྱང་འགྲོ་ཀུན་ཀློང་གྲོལ་ཤོག །ཅེས་པའང་སྙོམ་ལས་པ་པདྨ་བི་ཛས་རྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ་བ་དགེ།


previousརྟོགས་ལྡན་ཆོས་འཕེལ་བཟང་པོ་ལ་ཕུལ། next